Sunday 3 November 2013

《མཚན་རྟགས་བསྡུ་རུབ་དང་ལན་འདེབས་ལས་འགུལ།》

འདི་ག་ཆབ་སྲིད་བཙོན་ཟུར་རྣམས་ཀྱི་མཐུན་ཚོགས་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ངོས་ནས་ཕྱི་ལོ་ ༢༠༡༣ ཟླ་ ༡༡ ཚེས་ ༣ ཉིན་ནས་བཟུང་མཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ་ཉིན་གསུམ་དང་ཉེ་ཆར་རྒྱ་གཞུང་གིས་བཏོན་པའི་བོད་ནང་གི་དཔལ་འབྱོར་འཕེལ་རྒྱས་དང་འབྲེལ་བའི་རྒྱབ་ཤ་དཀར་པོ་ཞེས་པར་ལན་འདེབས་ཀྱི་བསྒྲགས་གཏམ་ཞིག་སྤེལ་རྒྱུ་ཡིན།
དེའི་དམིགས་ཡུལ་གཙོ་བོ་ནི། འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་མཁན་རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༡༣ ཟླ་ ༡༡ ཚེས་ ༡༢ ཉིན་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་སྐབས་བརྒྱད་པའི་ཚོགས་མིའི་ཁོངས་སུ་ཡང་བསྐྱར་འཛུལ་ཞུགས་བྱེད་བཞིན་པར་འོས་བབ་རྩ་བ་ནས་མེད། གང་ཡིན་ཟེར་ན། རྒྱ་གཞུང་གིས་བཙན་བཟུང་བྱེད་བཞིན་པའི་གྲངས་ཉུང་མི་རིགས། དཔེར་ན། བོད་དང་ཤིན་ཅང་སོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་དམག་སྟོབས་ཀྱིས་བཙན་འཕྲོགས་བྱས་དང་བྱེད་བཞིན་པ་གསལ་སྟོན་གྱི་ཆེད་དུ་མཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ་སྤེལ་བ་ཡིན།

ལྷག་པར་དུ་ཕྱི་ལོ་ ༢༠༡༣ ཟླ་ ༡༠ ཚེས་ ༢༦ ཉིན་སྤེལ་བའི་རྒྱ་ནག་གཞུང་གིས་བོད་ནང་གི་དཔལ་འབྱོར་འཕེལ་རྒྱས་དང་འབྲེལ་བའི་རྒྱབ་ཤ་དཀར་པོ་ཟེར་བ་ཞིག་ཡང་བསྐྱར་བཏོན་པ་དེས་རྒྱ་ནག་གཞུང་གིས་གྲངས་ཉུང་མི་རིགས་རྣམས་ཀྱི་ཐོག་ཏུ་གདུག་རྩུབ་དང་ཕྱོགས་ལྷུང་ཅན་གྱི་སྲིད་བྱུས་སྤེལ་དང་སྤེལ་བཞིན་པ་དེ་སྤས་གསང་བྱ་ཐབས་ཀྱི་ངན་བྱུས་ཤིག་དང་རྒྱལ་སྤྱིའི་སྡིངས་ཆའི་ཐོག་རྒྱ་གཞུང་གི་རྣམ་འགྱུར་བཟང་བོ་ཞིག་སྟོན་ཆེད་ཡིན་རུང་། རྒྱ་གཞུང་གིས་བོད་མི་རིགས་བཙན་བཟུང་བྱས་ནས་ལོ་ངོ་ ༦༠ ཕྱིན་པ་དང་། དེའི་རིང་བོད་དང་བོད་མིའི་ཐོབ་ཐང་དང་རང་དབང་རྩིས་མེད་རྡོལ་རོལ་མཐའ་གཅིག་ཏུ་བཏང་བར་བརྟེན། ད་ལྟའི་བར་རང་ལུས་མེར་སྲེག་གི་ཞི་རྒོལ་གྱིས་མཚོན་པའི་ལས་འགུལ་སྣ་ཚོགས་ཤིག་བོད་མིའི་ཕྱོགས་ནས་སྤེལ་དང་སྤེལ་བཞིན་པ་དེས་རྒྱ་གཞུང་གིས་བོད་ཐོག་ལ་བཟུང་བའི་སྲིད་བྱུས་ནོར་འཁྲུལ་ཅན་ཞིག་བཟུང་ཡོད་པ་གསལ་སྟོན་གྱི་ལན་འདེབས་ཤིག་ཕྱི་ལོ་ ༣༠༡༣ ཟླ་ ༡༡ ཚེས་ ༦ ཉིན་རྒྱབ་དུས་ཚོད་ ༣ ཐོག་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་འགྲེམས་སྟོན་ཁང་དུ་སྤེལ་རྒྱུ་ཡིན།

མཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ།
རྡ་སའི་མེག་ལོའི་ཁྲོམ་གཞུང་ནས་དཀྱིལ་ནས་ཕྱི་ལོ་ ༢༠༡༣ ཟླ་ ༡༡ ཚེས་ ༣ ཉིན་འགོ་འཛུགས་ཀྱིས་ཚེས་ ༦ ཉིན་རྒྱབ་བར།

རྒྱབ་ཤ་དཀར་བོའི་ལན་འདེབས།
དགུ་བཅུ་གསུམ་གྱི་འགྲེམས་སྟོན་ཁང་དུ་ཕྱི་ལོ་ ༢༠༡༣ ཟླ་ ༡༡ ཚེས་ ༦ ཉིན་རྒྱབ་དུས་ཚོད་ ༣ ཐོག
བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པས།
ཕྱི་ལོ་ ༢༠༡༣ ཟླ་ ༡༡ ཚེས་ ༢ ཉིན།

No comments:

Post a Comment