Monday 16 September 2013

བཅར་འདྲི།

《ནོར་གླིང་བོད་ཀྱི་མཐོ་སློབ་ཀྱི་སློབ་སྤྱི་སྨན་ཤེར་བློ་གྲོས་ལགས་སུ་བཅར་འདྲི་ཞུས་འདུག》


"བོད་ཕྱི་ནང་གི་ན་གཞོན་རྩོམ་པ་པོ་ཚོར་བསམ་ཚུལ་ཙམ་ལས་རིག་པའི་གཞུང་ལུགས་ཀྱི་གནས་ཚད་ཧ་ཅང་སྐྱོ་བོ་ཡིན་པ། མང་ཚོགས་ནང་བོད་སྐད་ཡིག་དང་རིག་གནས་ཀྱི་ཀླད་རྩ་འགུལ་མེད་དུ་བསྡད་ཡོད་པ་སོགས་ལ་བལྟས་ཡོང་ན། དུས་རབས་འདི་བོད་སྐད་ཡིག་དང་རིག་གནས་ཀྱི་དུས་རབས་མཐའ་མ་དེ་མིན་འགྲོ་སྙམ་པའི་བློ་འཚབ་ཡོང་གི་འདུག དེའི་འབྱུང་རྩ་བོད་ཕྱི་ནང་གི་སློབ་གསོའི་ཁོར་ཡུག་གི་ལས་འཆར་མང་པོའི་ནང་ནོར་འཁྲུལ་ཆེན་པོ་ཤོར་གྱི་ཡོད་པ་དང་། ཤེས་ཡོན་པ་ཚོས་ལས་དོན་བྱེད་སྟངས་དེ་སྤྲང་པོས་ཉིན་ཟས་སློང་སྟངས་འདྲ་བོ་མང་བ། དགོས་ངེས་དང་གཙོ་ཕལ་རྦད་དེ་མགོ་མཇུག་བརྗེས་པ་ལྟ་བུའི་སྐྱོན་མང་པོ་མཐོང་གི་འདུག དེར་བརྟེན། མ་འོངས་པར་མཐོ་སློབ་འདི་ནས་སློབ་ཕྲུག་ཚོར་གྲགས་ཅན་མཁས་པའི་བསྟན་བཅོས་དང་གཞུང་ལུགས་ཐོག་སློབ་སྦྱོང་ཚད་ལྡན་སྤྲོད་ཐུབ་པ་དང་། ཞིབ་འཇུག་གི་རྩ་འཛིན་སྒྲིག་གཞི་དང་ཐབས་ལམ་གྱི་ཉམས་ཞིབ་ཤེས་ཡོན་ཚད་ལྡན་སྤྲོད་ཐུབ་པ། ཤེས་ཡོན་རིན་ཐང་དང་ཤེས་ཡོན་ལྟ་གྲུབ་རིང་ལུགས་ཚད་ལྡན་འཛིན་གནས་ཐུབ་པ་སོགས་ཀྱི་ཐོག་ལ་ལས་འཆར་ཁག་ཅིག་མཁས་པ་རྒན་རབས་པ་ཚོ་དང་མཉམ་འབྲེལ་ཐོག་འགྲོ་ཐུབ་ན་བསམ་གྱི་ཡོད།" སྨན་ཤེར་བློ་གྲོས་ཀྱིས།
ད་ལོ་ནས་བཟུང་ནོར་གླིང་མཐོ་སློབ་འཐོན་མཁན་ཚོར་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱིས་གཞུང་འབྲེལ་ངོས་འཛིན་ཐོག་རབ་འབྱམས་པའི་ལག་འཁྱེར་སྤྲོད་མགོ་བཙུགས་ཡོད་སྟབས། འདི་གའི་གསར་འགོད་པས་མཐོ་སློབ་ཀྱི་སློབ་སྤྱི་སྨན་ཤེར་བློ་གྲོས་ལགས་སུ་བཅར་འདྲི་ཞུས་ཡོད།
"ཡོང་ཁུངས་བོད་ཀྱི་དུས་བབ།"
དྲི་བ། སློབ་སྤྱི་གསར་པར་འཚམས་འདྲི་དང་བཅས་མཐོ་སློབ་འདི་ངོ་སྤྲོད་མདོ་བསྡུས་ཤིག་གནང་རོགས་ཞུ་རྒྱུ་ཡིན།
ལན། ནོར་གླིང་བོད་ཀྱི་རིག་གནས་ཆེས་མཐོའི་སློབ་གཉེར་ཁང་འདི་ནི། ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་ངེས་སྟོན་པ་བཀའ་བློན་ཁྲི་ཟུར་སྐལ་བཟང་ཡེ་ཤེས་མཆོག་དང་ལྕམ་སྐུ་ཀིམ་ཡེ་ཤེས་གཉིས་ཀྱིས་ ༡༩༩༧ ལོའི་ཟླ་ ༡༠ ཚེས་ ༢༡ ཉིན་དབུ་འབྱེད་གནང་སྟེ་ད་བར་ལོ་ ༡༦ ཙམ་འགྲོ་བཞིན་ཡོད། སྐབས་ལྔ་པ་སློབ་ཐོན་ཟིན་ཏེ་ད་ལྟ་སྐབས་ ༦ པའི་ལེགས་བྱང་མཐོ་རམས་པའི་འཛིན་གྲྭ་འགྲོ་བཞིན་པ་དང་། མཐོ་སློབ་ཁང་འདིའི་སློབ་ཡུན་ལོ་ངོ་གསུམ་དང་། འཛིན་གྲྭ་ལོ་རིམ་གསུམ་བཅས་ཡོད་པ་རེད། དངོས་གཞིའི་སློབ་ཚན་གཙོ་བོ་ཁག་ནི། བོད་ཀྱི་སྐད་བརྡ་རིག་པ་དང་སྒྲ་རིག་པའི་གཞུང་ལུགས། སྲོལ་རྒྱུན་སྙན་གཞུང་དང་དེང་རབས་རྩོམ་རིག སྐད་ཡིག་གཉིས་པ་དབྱིན་ཡིག་དང་སྐད་ཡིག་གསུམ་པ་རྒྱ་ཡིག་འགྲོ་བཞིན་ཡོད། ཟུར་སྣོན་སློབ་ཚན་ཁག་ནི་བོད་ཀྱི་གསོ་བ་རིག་པ་དང་། ནུབ་ཕྱོགས་མཚན་ཉིད་རིག་པ། བོད་ཀྱི་སྲོལ་རྒྱུན་རི་མོ་འབྲི་ཚུལ་སོགས་ཡོད།
དྲི་བ། མཐོ་སློབ་དེ་བཙུགས་པའི་དམིགས་ཡུལ་གཙོ་བོ་དང་མཐོ་སློབ་ཀྱི་མཐུན་རྐྱེན་གཙོ་བོ་གང་ནས་རག་གི་ཡོད་དམ།
ལན། མཐོ་སློབ་འདི་ཐོག་མར་གསར་འཛུགས་སྐབས་རྒྱ་གར་དང་བོད་ཕྱི་ལོགས་སུ་གདན་ས་ཁག་དང་དགོན་པའི་ཟུར་གཏོགས་ཁོར་ཡུག་ཙམ་ལས། བོད་ཀྱི་མཐོ་རིམ་སློབ་གསོའི་ཆེད་ལས་སྡེ་ཁག་ཅིག་ཐོན་རྒྱུར་རེ་བ་ཧ་ལམ་མེད་པ་ལྟ་བུ་ཞིག་རེད། དེའི་ཕྱིར་བོད་ཀྱི་སྲོལ་རྒྱུན་ལེགས་བྱང་དང་རིག་གཞུང་ཐོག་མཐོ་རིམ་སློབ་སྦྱོང་ཐོན་ཐུབ་པ་དང་། རིག་གཞུང་ཆེད་ལས་ཅན་ཡོང་ཐུབ་ཆེད། བཀའ་བློན་ཁྲི་ཟུར་སྐལ་བཟང་ཡེ་ཤེས་མཆོག་གིས་བཙན་བྱོལ་ནང་སྟོང་ཆ་འདི་ཁ་སྐོང་གནང་བ་རེད། མཐོ་སློབ་ཁང་འདིའི་མཐུན་རྐྱེན་ཆ་ཚང་ནོར་གླིང་གཞུང་གི་ཡིག་ཚང་ནས་གཏོང་གི་ཡོད་པ་རེད། འདིའི་ནང་གཙོ་བོ་དགེ་ལས་ཀྱི་གླ་ཆ་དང་སློབ་མའི་བཞེས་ལག སྨན་ཡོན། ཟླ་རེའི་གྲོན་དངུལ་སོགས་ཚུད་ཀྱི་ཡོད་པ་རེད། དེ་བཞིན་རང་གཞུང་ཤེས་རིག་ལས་ཁུངས་ནས་ཀྱང་སློབ་ཕྲུག་གྲངས་བཅུའི་སློབ་ཡོན་གནང་མུས་སུ་ཡོད། 
དྲི་བ། ད་སྔ་ཐོན་ཟིན་པའི་སློབ་ཕྲུག་དག་གི་ཤེས་ཡོན་གནས་ཚད་དང་ཁོང་ཚོའི་ཕྱག་ལས་གནང་སྟངས་གང་འདྲ་ཡོད་དམ།
ལན། སྐབས་དང་པོ་ནས་སྐབས་ལྔ་པ་བར་བསླབས་པ་མཐར་སོན་པའི་སློབ་ཕྲུག་ ༡༠༠ ལྷག་ཟིན་པ་དང་། ཁོང་ཚོ་བོད་ཕྱི་ནང་གཉིས་སུ་རིག་གཞུང་གི་ཕྱག་ལས་གནང་བཞིན་པ་དང་དགེ་རྒན། ཉམས་ཞིབ་པ། རྩོམ་པ་པོ་སོགས་ཀྱི་རྐང་འཛིན་ཕྱག་ལས་གནང་ཐུབ་པ་མང་པོ་རེད། སྐབས་དྲུག་པའི་སློབ་མ་དེ་ཚོ་མཐར་ཕྱིན་ནས་དུས་ཚོད་རིང་པོ་སོང་མེད། ཁོང་ཚོར་འབྲིང་རིམ་དགེ་རྒན་འོས་སྦྱོང་ཐོན་ཡོད་པ་རེད། དེ་བཞིན་མཐོ་སློབ་ཁང་འདི་ནས་ཧི་མ་ལ་ཡའི་རི་རྒྱུད་དུ་དགེ་རྒན་མང་པོ་ཞིག་གཏོང་གི་ཡོད་པ་རེད། ས་ཁུལ་དེ་ནི་ལོ་རྒྱུས་ཁྲོད་བོད་སྐད་ཡིག་གི་གཞི་ཁྱོན་ཆེ་ཤོས་ཤིག་ཆགས་ཡོད་པ་མ་ཟད། མ་འོངས་པར་ཡང་བོད་ཀྱི་སྐད་ཡིག་རིག་གཞུང་གི་ཁོར་ཡུག་ཆེ་ཤོས་ཤིག་ཏུ་འགྱུར་རྒྱུ་ཡིན་པ་ངེས་བརྟན་རེད། 
དྲི་བ། ད་ལོར་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱིས་ནོར་གླིང་མཐོ་སློབ་གཞུང་འབྲེལ་ངོས་འཛིན་གནང་ཡོད་པ་ཞིག་ཐོས་བྱུང་། དེའི་སྐོར་ངོ་སྤྲོད་ཅིག་གནང་རོགས། 
ལན། མཐོ་སློབ་ཀྱི་ངོས་ནས་ཐེངས་མང་པོར་ཤེས་རིག་ལས་ཁུངས་ལ་ཞུ་སྙན་ཕུལ་ཏེ། ཤེས་ཡོན་རྟོག་ཞིབ་ཚན་པ་རིམ་པར་བཏང་སྟེ་མཐོ་སློབ་ཁང་འདིའི་སློབ་འཇུག་བྱེད་སྟངས་དང་སློབ་ཚན། དགེ་རྒན་བཅས་ལ་ཞིབ་འཇུག་གནང་པ་བརྒྱུད་གཞུང་འབྲེལ་ངོས་འཛིན་ཐོབ་པ་རེད། ད་ལོའི་ཕྱི་ཟླ་ ༥ པ་ནས་དབུས་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་འདི་གའི་མཐོ་རིམ་ལེགས་བྱང་རབ་འབྱམས་པའི་ལག་འཁྱེར་ལ་གཞུང་འབྲེལ་ངོས་འཛིན་གནང་སྟེ། ལག་འཁྱེར་ཐོག་ཤེས་རིག་དྲུང་ཆེའི་ལས་ཐམ་དང་མཚན་རྟགས་བཀོད་ཡོད་པ་རེད། ལག་འཁྱེར་དེ་དབྱིན་ཡིག་ནང་ཉེ་བའི་གཙུག་ལག་རབ་འབྱམས་པ་ (BA) དང་། ལག་འཁྱེར་འདི་བརྒྱུད་རྒྱ་གར་མཐོ་སློབ་ཁག་ཅིག་ཏུ་གཙུག་ལག་རབ་འབྱམས་པ (MA) འདོན་ཐུབ་ཀྱི་ཡོད་པ་རེད། ཤེས་རིག་ལས་ཁུངས་ཀྱི་ངོས་འཛིན་དེས་བོད་ཀྱི་རིག་གཞུང་ལས་དོན་ཐོག་ཕན་ཐོགས་རྒྱ་ཆེན་པོ་ཡོང་རྒྱུ་དང་། དམིགས་བསལ་འདི་ནས་ཐོན་པའི་མཐོ་རིམ་ཤེས་ཡོན་གྱི་གནས་ཚད་ཡག་པོ་ཡོད་མཁན་ཚོར་ལས་ཀའི་གོ་སྐབས་དང་ཆེ་མཐོང་ཐོག་ཕན་ཐོགས་ཆེན་པོ་ཡོད་པ་རེད།
དྲི་བ། ཤེས་རིག་ལས་ཁུངས་ཀྱིས་ངོས་འཛིན་གནང་རྗེས་སློབ་ཚན་དང་བྱེད་སྒོ་ཁག་ལ་འགྱུར་བ་དེ་འདྲ་ཕྱིན་ཡོད་དམ། 
ལན།  རྩ་བའི་ཆ་ནས་མཐོ་སློབ་ཀྱི་སློབ་ཚན་གཙོ་བོ་ཁག་དང་ཟུར་སྣོན་སློབ་ཚན་སོགས་ལ་འགྱུར་བ་གང་ཡང་ཐེབས་ཡོད་པ་མ་རེད། ཡིན་ནའང་མཐོ་སློབ་ཀྱི་ཁོར་ཡུག་དང་བསླབ་གཞིའི་རྩ་འཛིན། མཐོ་སློབ་ཁང་དུ་སློབ་འཇུག་སྐབས་ཀྱི་སྒྲིག་གཞི་སོགས་ ༢༠༠༡ ལོའི་ཟླ་ ༤ ཚེས་ ༢༡ ཉིན་ཤེས་རིག་ལས་ཁུངས་ཀྱིས་གཏན་ལ་ཕབ་པའི་སྒྲིག་གཞི་ལྟར་འགྲོ་དགོས་པ་དང་། མཐོ་སློབ་འདིའི་འགན་འཛིན་ལྷན་ཚོགས་དང་ཤེས་ཡོན་ལྷན་ཚོགས་ནང་ཤེས་རིག་ལས་ཁུངས་ཀྱི་དྲུང་ཆེ་སོགས་ངེས་པར་དུ་ཡོད་དགོས་པ་རེད།
དྲི་བ།  བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་སྤྱི་མཚུངས་ལྟར། ལོ་འདི་གར་ནོར་གླིང་མཐོ་སློབ་ཏུ་སློབ་ཞུགས་སྙན་ཞུ་འབུལ་མཁན་ཉུང་དུ་འགྲོ་བཞིན་ཡོད་པ་ཞིག་གོ་སོང་། དེའི་སྐོར་ངོ་སྤྲོད་ཅིག་གནང་རོགས།
ལན། སློབ་ཕྲུག་འཛུལ་ཞུགས་ཀྱི་གྲངས་ཀའི་ཕྱོགས་ནས་དཀའ་ངལ་ཡོད་པ་གཅིག་མཚུངས་རེད། དེའི་རྒྱུ་རྐྱེན་གཙོ་བོ་བོད་ནས་སློབ་ཕྲུག་ཡོང་ཐུབ་ཀྱི་མེད་པ་དང་། རྒྱ་གར་ཙམ་མ་ཟད་བོད་ནང་ནའང་བོད་མིའི་གྲངས་ཀ་ཉུང་དུ་འགྲོ་བཞིན་ཡོད་པ་རེད། བཙན་བྱོལ་ནང་སྐྱེས་པའི་བོད་ཕྲུག་ཚོས་རང་གི་སྐད་ཡིག་རིག་གཞུང་ཐོག་སློབ་སྦྱོང་གི་ཆ་ཤས་དེ་ཙམ་ལེན་ཐུབ་ཀྱི་མེད་པ་འདྲ། ཡིན་ནའང་སློབ་ཕྲུག་འཛུལ་ཞུགས་བྱེད་མཁན་ཚོའི་འབྲི་རྩོམ་དང་སྐད་ཡིག་གཉིས་པའི་གནས་ཚད་སྔོན་མ་ལས་ཡག་ཏུ་འགྲོ་བཞིན་འདུག   
དྲི་བ།  ཁྱེད་རང་གསར་དུ་བསྐོས་པའི་སློབ་སྤྱི་ཞིག་ཡིན་པའི་ཆ་ནས་མ་འོངས་པར་སློབ་གྲྭའི་འཛིན་སྐྱོང་དང་སློབ་གསོའི་ཐབས་ལམ་ལ་འཆར་གཞི་གསར་པ་གང་དག་ཡོད་དམ།  
ལན། དེང་སྐབས་གདན་ས་ཁག་གི་གྲྭ་པའི་གྲངས་ཉུང་དུ་འགྲོ་བཞིན་ཡོད་པ་དང་། བོད་ཕྱི་ནང་གི་ན་གཞོན་རྩོམ་པ་པོ་ཚོར་བསམ་ཚུལ་ཙམ་ལས་རིག་པའི་གཞུང་ལུགས་ཀྱི་གནས་ཚད་ཧ་ཅང་སྐྱོ་བོ་ཡིན་པ། མང་ཚོགས་ནང་བོད་སྐད་ཡིག་དང་རིག་གནས་ཀྱི་ཀླད་རྩ་འགུལ་མེད་དུ་བསྡད་ཡོད་པ་སོགས་ལ་བལྟས་ཡོང་ན། དུས་རབས་འདི་བོད་སྐད་ཡིག་དང་རིག་གནས་ཀྱི་དུས་རབས་མཐའ་མ་དེ་མིན་འགྲོ་སྙམ་པའི་བློ་འཚབ་ཡོང་གི་འདུག དེའི་འབྱུང་རྩ་བོད་ཕྱི་ནང་གི་སློབ་གསོའི་ཁོར་ཡུག་གི་ལས་འཆར་མང་པོའི་ནང་ནོར་འཁྲུལ་ཆེན་པོ་ཤོར་གྱི་ཡོད་པ་དང་། ཤེས་ཡོན་པ་ཚོས་ལས་དོན་བྱེད་སྟངས་དེ་སྤྲང་པོས་ཉིན་ཟས་སློང་སྟངས་འདྲ་བོ་མང་བ། དགོས་ངེས་དང་གཙོ་ཕལ་རྦད་དེ་མགོ་མཇུག་བརྗེས་པ་ལྟ་བུའི་སྐྱོན་མང་པོ་མཐོང་གི་འདུག དེར་བརྟེན། མ་འོངས་པར་མཐོ་སློབ་འདི་ནས་སློབ་ཕྲུག་ཚོར་གྲགས་ཅན་མཁས་པའི་བསྟན་བཅོས་དང་གཞུང་ལུགས་ཐོག་སློབ་སྦྱོང་ཚད་ལྡན་སྤྲོད་ཐུབ་པ་དང་། ཞིབ་འཇུག་གི་རྩ་འཛིན་སྒྲིག་གཞི་དང་ཐབས་ལམ་གྱི་ཉམས་ཞིབ་ཤེས་ཡོན་ཚད་ལྡན་སྤྲོད་ཐུབ་པ། ཤེས་ཡོན་རིན་ཐང་དང་ཤེས་ཡོན་ལྟ་གྲུབ་རིང་ལུགས་ཚད་ལྡན་འཛིན་གནས་ཐུབ་པ་སོགས་ཀྱི་ཐོག་ལ་ལས་འཆར་ཁག་ཅིག་མཁས་པ་རྒན་རབས་པ་ཚོ་དང་མཉམ་འབྲེལ་ཐོག་འགྲོ་ཐུབ་ན་བསམ་གྱི་ཡོད།
གསར་འགོད་པ།  པདྨ་མཚོ།

No comments:

Post a Comment