Monday 23 September 2013

《ཚེ་སྲོག་གིས་མཉམ་འབྲེལ་རྒྱལ་ཚོགས་འབོད་པ།》


ཚེ་སྲོག་གིས་མཉམ་འབྲེལ་རྒྱལ་ཚོགས་འབོད་པ།
ཕྱི་ལོ་༢༠༡༣།༠༩།༢༡གཟའ་སྤེན་པའི་ཉིན་གྱི་ཕྱི་དྲོའི་དུས་ཚོད་ ༦ ཐོག རྒྱ་ནག་གཞུང་གིས་དཔང་རྟགས་དང་ཁུངས་སྐྱེལ་སོགས་གཞི་རྩ་གང་ཡང་མེད་པའི་ཐོག་ནས་རང་ལུས་མེར་སྲེག་དང་འབྲེལ་བ་ཡོད་པར་བཙན་དབང་གིས་རྔ་བ་ཀིརྟི་དགོན་གྱི་གྲྭ་བློ་བཟང་དཀོན་མཆོག་དང་རྔ་བ་ཁུལ་མཛོད་དགེ་རྫོང་གི་སྒྲོལ་མ་སྐྱབས་གཉིས་སྲོག་ཐོག་ཏུ་གཏོང་རྒྱུ་ཡིན་པའི་ཁྱབ་བསྒྲགས་བྱས་པ་དེ་དྲང་བདེན་མ་ཡིན་པ་གསལ་སྟོན་ཡོང་ཆེད་དུ་༼ཚེ་སྲོག་གིས་མཉམ་འབྲེལ་རྒྱལ་ཚོགས་ལ་འབོད་པ་༽ཞེས་པའི་གདུང་སེམས་མཉམ་བསྐྱེད་ཀྱི་དགོང་ཚོགས་དང་མཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ་གཞི་རྒྱ་ཆེན་པོ་ཞིག་བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་ནང་དུ་སྤེལ་སོང་།

སྐུ་མགྲོན་གཙོ་བོ་བཀའ་ཟུར་༸སྐྱབས་རྗེ་རྗེ་ཀིརྟི་རིན་པོ་ཆེ་མཆོག་དང་དམིགས་བསལ་སྐུ་མགྲོན་རྡ་ས་ས་གནས་བདེ་དོན་འགན་འཛིན་བསོད་ནམས་རྡོ་རྗེ། གཞན་ཡང་སྐུ་མགྲོན་དུ་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་ཚོགས་གཙོ་དང་དྲུང་ཆེ་རྣམ་པ། གསར་འགོད་པ་དང་མི་མང་བཅས་ཕོན་ཆེན་འདུ་འཛོམས་བྱས་ཐོག རྒྱལ་གཅེས་དཔའ་བོ་དཔའ་བོ་རྣམས་ཀྱི་ཆེད་དུ་གདུང་སེམས་མཉམ་བསྐྱེད་ཀྱི་སྐར་མ་གཅིག་རིང་ངག་བཅད་བྱས་སོང་། དེ་རྗེས་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཙོ་དགེ་ལེགས་འཇམ་དབྱངས་ལགས་ཀྱིས་དབྱིན་ཡིག་གི་བསྒྲགས་གཏམ་སྒྲོག་སྦྱོང་གནང་བ་དང་། དྲུང་ཆེ་སེར་སྨད་བློ་དགའ་ལགས་ཀྱིས་བོད་སྐད་ཐོག་ནས་བསྒྲགས་གཏམ་སྤེལ་སྐབས། རྒྱ་ནག་གཞུང་གིས་དཔང་རྟགས་དང་ཁུངས་སྐྱེལ་སོགས་གཞི་རྩ་གང་ཡང་མེད་པའི་ཐོག་ནས་རང་ལུས་མེར་སྲེག་དང་འབྲེལ་བ་ཡོད་པར་བཙན་དབང་གིས་བརྗོད་དེ་རྔ་བ་ཀིརྟི་དགོན་གྱི་གྲྭ་བློ་བཟང་དཀོན་མཆོག་དང་རྔ་བ་ཁུལ་མཛོད་དགེ་རྫོང་གི་སྒྲོལ་མ་སྐྱབས་གཉིས་སྲོག་ཐོག་ཏུ་གཏོང་རྒྱུ་ཡོངས་གྲགས་ཁྱབ་བསྒྲགས་བྱས་ཟིན་པ་ནི། རྒྱལ་སྤྱིའི་ཁྲིམས་དང་། དྲང་བདེན། གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་དུ་བཏང་བ་ཞིག་ཡིན་པ་མ་ཟད། རྒྱལ་ཁབ་ཅིག་གི་ཁྲིམས་ལུགས་དེ་དྲང་བདེན་དང་མིའི་ཐོབ་ཐང་སྲུང་སྐྱོབ་བྱེད་རྒྱུ་ལས་ལྡོག་སྟེ། དྲང་བདེན་མིན་པ་དང་། མི་མང་གི་ཐོབ་ཐང་བརྩི་འཇོག་མེད་པ། སྒེར་གཅོད་པའི་དུས་རབས་ཤིག་ཡིན་པའི་དཔང་རྟགས་ཡིན་ཞེས་དང་།
 ༡ གྲྭ་བློ་བཟང་དཀོན་མཆོག་དང་སྒྲོལ་མ་སྐྱབས་གཉིས་ཀྱི་ཚེ་སྲོག་མྱུར་དུ་སྐྱོབ་དགོས། ༢ རང་ལུས་མེར་སྲེག་གི་ཞི་རྒོལ་ལ་རྒྱ་གཞུང་གིས་དྲང་བདེན་གྱི་ལམ་ནས་བསྐྱར་ཞིབ་བྱེད་དགོས། ༸པཎ་ཆེན་ཆུང་སྲིད་རིན་པོ་ཆེས་གཙོས་ཆབ་སྲིད་བཙོན་པ་རྣམས་མྱུར་དུ་གློད་གྲོལ་གཏོང་དགོས་ཞེས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཁག རྒྱལ་ཁབ་སོ་སོའི་གཞུང་ཚབ་གལ་ཆེན་ཁག་ལ་འབོད་སྐུལ་གསུམ་བཏོན་སོང་། ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་ཉམས་ཞིབ་པ་བློ་བཟང་ཡེ་ཤེས་ལགས་ཀྱིས་རང་ལུས་མེར་སྲེག་དང་འབྲེལ་བའི་གསུང་བཤད་གནང་རྗེས།
 སྐུ་མགྲོན་གཙོ་བོ་བཀའ་ཟུར་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གིས་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་དབུས་ས་གཉིས་ཀྱིས་མཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ་སྤེལ་བ་དེ་གལ་ཆེན་པོ་རེད། བོད་ནང་ནས་ད་ལྟའི་བར་དུ་མི་༡༢༠ ཡིས་རང་སྲེག་གི་ཞི་རྒོལ་བྱས་པའི་རྒྱུ་མཚན་ནི། རྒྱ་ནག་གཞུང་གིས་ལོ་དྲུག་ཅུ་ལྷག་གི་རིང་བོད་དང་བོད་མིའི་ཐོག་ལ་དྲང་བདེན་མ་ཡིན་པའི་སྲིད་བྱུས་ཤིག་ལག་བསྟར་བྱས་པ་དེར་བོད་མིའི་གདུང་ལེན་མ་ཐུབ་པས་ཐོག་ནས་བྱུང་བ་རེད། རྒྱ་ནག་གཞུང་གིས་དྲང་བདེན་མ་ཡིན་པའི་ཆབ་སྲིད་ཀྱིས་ལས་འགུལ་སྤེལ་བ་དེར་བསྐྱར་ཞིབ་མ་བྱས་པའི་ཐོག་ནས་ད་དུང་རིག་འཚོ་མ་ཟིན་པ་དང་། བཟའ་ཚང་གི་གནས་ཚུལ་ཡིན་པ་སོགས་གང་སྡུག་སྡུག གང་ངན་ངན་གྱིས་རྒྱུ་རྐྱེན་གཞན་ལ་ཁ་གཡར་བ་མ་ཟད། འབྲེལ་ཡོད་སྤུན་མཆེད་དང་ཉེ་རིང་། ཨ་ཁུ་ཨ་ཞང་སོགས་འབྲེལ་ཡོད་ཚང་མ་འཛིན་བཟུང་བྱས་ཏེ་སྲོག་ཁྲིམས་བཅད་པ་སོགས་ཀྱི་གནས་ཚུལ་བྱུང་བ་རེད།
ད་ལྟའི་རྒྱ་གཞུང་གིས་བོད་པའི་ཐོག་ཁྲིམས་བཅས་པ་དང་ཁྲིམས་ལག་ལེན་བསྟར་བ་དེ་ཚོ་རྒྱལ་སྤྱིའི་ཁྲིམས་དང་མི་མཐུན་པ་མ་ཟད། རྒྱ་གཞུང་ཁོ་རང་ཚོས་བཟོས་པའི་ཁྲིམས་དང་ཡང་འགལ་བ་ཡོད། གང་ལྟར་བོད་མིའི་ཚེ་སྲོག་རྩེད་མོ་རྩེ་སྤྱད་བྱེད་ཀྱིན་ཡོད་པ་རེད། དེ་ནི་ཁོ་རང་ཚོས་བཙན་དབང་འོག་ཏུ་བསྡུ་ཐབས་ཁོ་ན་རེད། དཔེར་ན། རྒྱ་ནག་གི་སྤྱི་དངུལ་ལྐོག་ཟ་བྱེད་མཁན་པཱའོ་ཤི་ལ་སོགས་ཁོ་རང་ཚོའི་འགོ་ཁྲིད་ཚོ་ལ་ཁྲིམས་ཐག་བཅད་པ་དེ་དྲང་པོ་མ་བྱུང་བ་རྒྱ་ནག་ཁོ་རང་ཚོའི་ནང་ནས་བཤད་ཡོང་གི་ཡོད་ཅེས་དང་། དེ་རིང་གི་གོ་སྐབས་འདི་འཇུས་ནས་ངས་ཞུ་འདོད་པ་གཅིག་ནི། ཚོགས་ཁང་འདིའི་ནང་གསར་འགོད་པ་དང་རྡ་རམ་ས་ལའི་ཚོགས་པ་ཁག་གི་ཚོགས་མི་སོགས་ལུང་པ་དང་ས་གནས་མང་པོ་ཞིག་གི་འཐུས་མི་འཛོམས་བསྡད་པ་ཞིག་རེད། ཉེ་ཆར་མང་གཙོའི་དུས་ཆེན་གྱི་ཉིན་མོར་༸རྒྱལ་བ་རིན་པོ་ཆེ་ནས། ཁོང་ལ་ཐུགས་ཕམ་བྱུང་བ་དང་དེའི་འབྲས་བུ་ག་རེ་བྱུང་མིན་སྐོར། བོད་གཞུང་གི་ལས་བྱེད་གནད་ཡོད་མང་པོ་ཞིག་ལ་ཕོ་བྲང་ནང་དུ་བཀའ་སློབ་ཅིག་གནང་ཡོད། དེ་ཚང་མས་ཤེས་ཀྱི་ཡོད་དུས། མི་མང་ལ་ཚོར་སྣང་ག་འདྲ་ཞིག་བྱུང་ཡོད་དམ།
དངོས་གནས་བྱས་ན་ང་རང་ཚོས་ཟས་ཆུ་གཉིས་བྲལ་བྱེད་དགོས་པའི་དུས་ཚོད་ཅིག་ལ་སླེབས་ཚར་བ་རེད། ཁ་སང་དེ་རིང་སྤྱི་འཐུས་རྣམ་པ་ཚོས་ཀྱང་ཆུ་ཚོད་ནས་ཆུ་ཚོད་མུ་མཐུད་ནས་གནད་དོན་དེའི་ཐོག་བགྲོ་གླེང་གནང་བཞིན་པ་རེད། ངས་འདི་ནས་དྲན་སྐུལ་ཙམ་ཞུ་འདོད་པ་ནི། ༸རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པས་ཆུ་སྤྲེལ་ཞལ་གདམས་གནང་པའི་ཐོག་བོད་མི་ཚོའི་ངོས་ནས་འཕྲལ་མར་ཚ་ཚ་འུར་འུར་གྱི་ལས་འགུལ་དེ་འདྲ་སྤེལ་མ་ཐུབ་པའི་དབང་གིས་ད་ལྟའི་བོད་པའི་གནས་བབ་འདི་བྱུང་བ་རེད། ༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པས་བཀའ་སློབ་ཞལ་གདམས་ཀྱི་ཐོག་ནས་ཐུགས་ཕམ་བྱུང་བའི་ལོ་རྒྱུས་ཤིག་ཆགས་ཡོད། དེ་ནི་དུས་ཚོད་ཐུང་ཐུང་ཞིག་དང་བཙན་བྱོལ་ནང་གཅིག་པུ་མིན་པར་བོད་ནང་ནས་ཀྱང་ནང་ཁུལ་གསོད་རེས་བྱས་པ་སོགས་རྒྱུ་རྐྱེན་སྣ་ཚོགས་ཤིག་ལ་བརྟེན་ནས་ཐུགས་ཕམ་བྱུང་བསྡད་པ་ཞིག་རེད། འཐུས་ཤོར་སྔ་རྗེས་མང་པོ་ཕྱིན་ཡོད་པ་རེད།
གང་ལྟར་༸སྐྱབས་མགོན་རིན་པོ་ཆེ་དགོངས་ཚོམ་དང་གསལ་ཡོང་བ་ཞིག་བྱེད་དགོས་པ་དེ་ང་ཚོའི་ལས་འགན་གཡོལ་ཐབས་མེད་པ་ཞིག་རེད། ༸སྐྱབས་མགོན་རིན་པོ་ཆེས་མང་གཙོ་གནང་བ་དང་ང་ཚོས་ཀྱང་མང་གཙོ་དེ་བདག་པོ་རྒྱབ་ཐུབ་པ་བྱེད་དགོས། བཀའ་ཤག་དང་སྤྱི་འཐུས་བདམས་པ་ཙམ་གྱིས་མང་གཙོའི་ལས་འགུལ་དེ་གྲུབ་པ་ཞིག་མ་རེད། གཞུང་ལ་མི་མང་གིས་སྐུལ་འདེད་བྱེད་དགོས་ཀྱི་ཡོད། ཚོགས་པ་ཁག་ཡིན་ནའང་མང་གཙོའི་འགན་ཁུར་བའི་ཐོག་ནས་ཚོགས་འདུ་སྣ་ཚོགས་བསྐོང་ནས་་ཉིན་དང་མཚན་མཐུད་ནས་ཅིག་བྱེད་དགོས་པའི་དུས་ལ་བབས་ཡོད། བརྟན་བཞུགས་ཕུལ་བ་དེ་རྟེན་འབྲེལ་ཙམ་གྱི་ཐོག་ནས་ཡག་པོ་རེད་དེ་གཙོ་བོ་ལག་ལེན་གྱི་ཐོག་ནས་གོམ་པ་རྒྱབ་དགོས་ཀྱི་འདུག ང་ཚོས་མང་གཙོ་དེ་ངོ་ཤེས་པ་བྱེད་དགོས་ཀྱི་འདུག ད་ལྟའང་མང་གཙོའི་འགྲོ་སྟངས་ཡག་པོ་ཆགས་མི་འདུག  ཁ་ནས་གང་བྱུང་མང་བྱུང་བཤད་ཆོག་པ་དེ་མང་གཙོའི་རང་དབང་མ་རེད། རྒྱ་ནག་གི་མི་མང་དེ་གཞུང་གི་ཆེད་དུ་ཡིན་ཡང་ང་ཚོ་ནི་དེ་འདྲ་མིན་པར་མི་མང་གི་ཆེད་དུ་གཞུང་བཙུགས་བཞག་པ་ཞིག་རེད། ང་རང་གཞུང་གི་ལས་བྱེད་པ་མིན་པར་མི་དཀྱུས་མ་ཞིག་གི་ཐོག་ནས་དྲན་སྐུལ་ཙམ་ཞུས་པ་ཡིན།ཞེས་བཀའ་སློབ་གནང་སོང་།

ཐེངས་འདིའི་གདུང་སེམས་མཉམ་བསྐྱེད་ཀྱི་དགོང་ཚོགས་དང་མཚན་རྟགས་བསྡུ་རུབ་ལས་འགུལ་གྱི་མཇུག་ཏུ་མྱ་ངན་གྱི་སྙན་ངག་གྱེར་འདོན་དང་གཞས་པ་གཞས་མ་ཁག་ཅིག་གིས་གཞས་པ་བཏང་བ་སོགས་བྱས་རྗེས་རྡ་ས་ས་གནས་བདེ་དོན་འགོ་འཛིན་བསོད་ནམས་རྡོ་རྗེ་ལགས་ཀྱིས་སྙན་ངག་གྱེར་འདོན་པ་དང་གཞས་པ་གཞས་མ་རྣམས་ལ་ཕྱག་འཁྱེར་གནང་སྟེ། རྡ་ས་ས་གནས་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཞོན་རྨེའུ་དཀོན་རྒྱམ་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་མཇུག་སྡོམ་གནང་རྗེས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་གདངས་དབྱངས་དང་བཅས་ལས་འགུལ་དེ་གནས་སྐབས་འཇུག་སྒྲིལ་སོང་།



 

No comments:

Post a Comment