Monday 14 October 2013

《བོད་རྔ་བ།》

《རྔ་བའི་ལོ་རྒྱུས་དང་འགན་ལེན།》
(བོད་མདོ་སྨད་རྔ་བའི་ཡུལ་མི་ཚོར་འཕྲད་པའི་ད་ལྟའི་ཛ་དྲག་གི་གནས་བབ་དང་དེའི་འབྱུང་རྐྱེན་དངོས་ལས་འཕྲོས་པའི་ལོ་རྒྱུས་ཀྱི་དྲན་ཐོ།)
རྔ་བ་གཉན་མི།
ཉེ་བའི་ལོ་ཤས་ནང་བོད་མདོ་སྨད་རྔ་བ་རུ་ཛ་དྲག་དང་མངོན་གསལ་ཡིན་པའི་ངོ་རྒོལ་འོས་ལངས་བསྟུད་མར་བྱུང་བ་དང་། ལྷག་པར་ཉེ་བའི་དུས་ནས་བཟུང་མི་མང་པོ་ཞིག་རང་ཤི་རྒྱག་པ། རང་ལུས་མེར་བསྲེགས་བྱས་ནས་ངོ་རྒོལ་བྱེད་པ་གཅིག་རྗེས་གཉིས་མཐུད་དུ་བྱུང་བའི་གནས་ཚུལ་བརྒྱུད་ལམ་སྣ་ཚོགས་ནས་རྒྱལ་སྤྱིའི་ཁྱོན་ལ་ཛ་དྲག་གི་གསར་གནས་ཀྱི་ངོ་བོར་ཁྱབ་བཞིན་འདུག་མོད།  གནས་སྟངས་འདི་ལྟ་བུ་འབྱུང་དགོས་པའི་རྒྱུན་རིང་ལ་གཏིང་ཟབ་པའི་ལོ་རྒྱུས་དང་སྤྱི་ཚོགས་ཀྱི་རྒྱུ་རྐྱེན་ནི་དེ་ལས་ཀྱང་ཛ་དྲག་དང་རྙོག་འཛིང་ཆེ་བ་ཞིག་ཡིན།
གནད་དོན་འདི་ནི་དེང་སྐབས་རྒྱ་ནག་གིས་བརྗོད་བཞིན་པ་ལྟར་མི་ཉུང་ཤས་ཤིག་གིས་ཟིང་ཆ་བཟོས་པ་ཞིག་མིན་ལ། ཕྱི་ཕྱོགས་ནས་སྐུལ་སློང་བྱས་པ་ཞིག་དེ་བས་ཀྱང་མ་རེད། དེ་ལས་ལྡོག་ཏེ་རྒྱུན་རིང་ལ་གཏིང་ཟབ་པའི་ལོ་རྒྱུས་དང་སྤྱི་ཚོགས་ཀྱི་དཀའ་རྙོག་ཆེན་པོ་ཞིག་གི་འོག་ནས་བྱུང་ཞིང། དཀའ་རྙོག་དེ་དག་གི་འབྱུང་རྩ་ནི་ཧ་ཅང་འོས་འཚམས་མིན་པའི་མནར་གཅོད་དང་། མི་ཆོས་བྲལ་བའི་དབང་བསྒྱུར་ཞིག་གི་འོག་ནས་བྱུང་ཡོད།

རྒྱ་ནག་གཞུང་གིས་ད་ལྟ་བར་དུ་རང་ཉིད་ཀྱིས་སྲིད་དོན་གྱི་ལྟ་བ་དང་དེའི་དགོས་མཁོའི་ཐོག་ནས་བོད་ཀྱི་ལོ་རྒྱུས་དང་ད་ལྟའི་གནས་བབ་ལ་འགྲེལ་བཤད་བརྒྱབ་མོད། དུས་རབས་ཉེར་གཅིག་པའི་བོད་མི་ཚོས་ལོ་རྒྱུས་ཀྱི་བདེན་པའི་ཐོག་ནས་རྒྱ་ནག་གི་དབང་བསྒྱུར་འོག་གི་བོད་མིའི་དཀའ་སྡུག་ལ་འགྲེལ་བཤད་ངེས་པར་དུ་རྒྱག་ངེས་ཡིན་པ་ནི་ལོ་རྒྱུས་ཀྱི་བདེན་ང་ཚོར་ཡོད་པས་ཡིན་ལ། བདེན་དོན་དེ་དག་དྲན་གསོ་མ་བྱས་ཐབས་མེད་དུ་གྱུར་བ་ནི་ད་ལྟ་བོད་དུ་དཀའ་སྡུག་འཕར་མ་ཞིག་འབྱུང་བཞིན་པས་ཡིན།
ང་རང་ས་ཁུལ་བྱེ་བྲག་པའི་བྱས་རྗེས་བགྲངས་ནས་ངོ་སོ་འཚོལ་བ་ལྟ་བུའི་གཏམ་སྤྱོད་ལ་གཏན་ནས་མི་མོས་ནའང་། དེང་སྐབས་ངའི་ཕ་ཡུལ་ཨ་མདོ་རྔ་བར་ས་གནས་གཞན་ལས་དམ་དྲག་དང་དཀའ་སྡུག་ཆེས་ཆེར་འབྱུང་བཞིན་པ་དང་། ལྷག་པར་གནད་དོན་ཆེན་པོ་ཆུང་ངུ་དང་ཆུང་ངུ་ཆེན་པོར་བསྒྱུར་ནས་ས་གནས་ཀྱི་ཡུལ་མིའི་དོན་དངོས་ཀྱི་དཀའ་སྡུག་སྦས་སྐུང་བྱེད་པའི་སྐབས་འདིར། གནད་དོན་འགའ་ཞིག་ལ་ལོ་རྒྱུས་ཀྱི་ངོས་ནས་གོ་བ་ཞིག་ལོན་ཆེ་ལོ་རྒྱུས་ཀྱི་དོན་དགའ་བསྐྱར་བརྗོད་བྱེད་འདོད་པ་ཡིན།
སྤྱིར་རྔ་བའི་ཡུལ་འདི་ཕྱི་ལོ་དུས་རབས་བདུན་པའི་ཡར་སྔོན་དུ་འ་ཞ་དང་མི་ཉག་གིས་བདག་ཏུ་བཟུང་བའི་ས་ཆ་ཞིག་ཡིན་ལ། འདི་དག་ཀྱང་བོད་ཀྱི་རུས་རྒྱུད་ཆེན་པོ་བཞི་དང་དྲུག་གི་ཁོངས་གཏོགས་ཤིག་ལས་རིགས་རུས་ཐ་དད་པའི་མི་རིགས་ལོག་བཀར་བ་ཞིག་མིན་པར། དེ་ལས་ལྡོག་ཏེ་བོད་ཀྱི་ཆེས་གནའ་དུས་ཀྱི་རུས་ཚོ་ཆེན་པོ་འགའི་ཡ་གྱལ་ཡིན་པས་ས་ཁུལ་འདི་ལོ་ངོ་སྟོང་ཕྲག་འདས་པའི་ཡར་སྔོན་ནས་བོད་ཀྱིས་མེས་པོར་བདག་པའི་ས་ཆ་ཞིག་ཡིན་གསལ་པོ་རེད།
བོད་བཙན་པོའི་དུས་སུ་རྔ་ཁོག་ཏུ་སྟོད་མངའ་རིས་དང་། ལ་དྭགས། མང་ཡུལ་སོགས་ནས་ཡོང་བའི་བོད་ཀྱི་དམག་མི་མང་པོ་བཅའ་སྡོད་བྱེད་སའི་དམག་ས་རུ་གྱུར་བ་དང་། ལོ་རྒྱུས་ལ་ལར་རྔ་བ་ཞེས་པའི་ཡུལ་མིང་འདིའང་གནའ་བོའི་དམག་མི་སྐུལ་གཏོང་གི་བྱེད་པའི་དམག་རྔ་རྡུང་བའི་རུ་དབུང་ཡིན་པས་དེ་ལྟར་ཐོགས་པར་བཤད་པ་སོགས་གང་ལྟར་དུས་སྐབས་དེ་ནས་བཟུང་རྔ་བ་ནི་ཐང་བོད་གཉིས་ཀྱི་དམག་སར་གྱུར་འདུག

བོད་སིལ་བུའི་སྐབས་སུ་བོད་བཙན་པོའི་རྒྱལ་རྒྱུད་ཙོང་ཁ་རྒྱལ་པོ་དང་། གླིང་རྗེ་གེ་སར་སོགས་ཀྱི་དབང་བསྒྱུར་ཁྱབ་ཁོངས་ཙམ་དུ་གྱུར་ཡོད་འདུག་ཅིང། སོག་པོས་ཤར་གླིང་ལ་དབང་བྱེད་པའི་དུས་རབས་སུའང་རྔ་བ་འདུས་པའི་སྨར་མ་ལག་དྲུག་གི་ཡུལ་སྡེ་འདི་དག་གིས་སྔགས་ཀྱི་མཐུ་དང་། དཔུང་གི་ཤུགས་ཀྱིས་གཞན་གྱིས་བཙན་གནོན་ལ་བརྒོལ་བའི་ལོ་རྒྱུས་མང་ཙམ་སྣང་
 བོད་ཀྱི་ལོ་རྒྱུས་ཐོག་ས་ཕག་རིན་གཙང་གི་དུས་སྐབས་འདིར་བོད་ཀྱི་ཆོས་སྲིད་ཀྱི་འགོ་བྱེད་ཕལ་མོ་ཆེས་རྒྱ་སོག་གི་གོང་མའི་ཆོ་ལོ་དང་གོ་མིང་ཧབ་ཐོབ་བྱས་ཀྱང་། མདོ་སྨད་ཀྱི་ཡུལ་སྤྱི་དང་བྱེ་བྲག་རྔ་བ་ཁུལ་འདིར་དེ་འདྲའི་ཆོ་ལོ་ལེན་པའི་ལུགས་སྲོལ་ཆེན་པོ་མ་དར་བ་མ་ཟད། ཡུལ་སྡེ་མང་པོ་ཞིག་གིས་སྡེ་འགོ་དགོན་ལ་གཏུགས་ཅིང་། དགོན་འགོ་དབུས་ལ་གཏུགས་པའི་ཆོས་ལུགས་རྨང་གཞི་ཡིན་པའི་སྤྱི་ཚོགས་ཀྱི་འབྲེལ་ལམ་ཆེན་པོ་ཞིག་གི་འོག་གནས་འདུག 
དུས་སྐབས་དེ་ཙམ་ནས་བཟུང་དེང་སྐབས་ཀྱི་རྔ་བ་བོད་རིགས་རང་སྐྱོང་ཁུལ་ཞེས་པའི་ཁྱབ་ཁོངས་སུ་ས་སྤྱོད་པའམ་དཔོན་ཁག་རིགས་མ་འདྲ་བ་ཉིས་བརྒྱ་ལྷག་བྱུང་ཞིང་།  དེ་དག་མང་ཆེ་བ་ཁྲིམས་འགོ་རང་བཙན་དང། བོད་ཁུལ་གྱི་དཔོན་ཁག་ནང་ཕན་ཚུན་འབྲེལ་ལམ་ཆེན་པོས་གནས་པ་ལས་ནང་ཁུལ་གྱི་འགལ་བ་ཆུང་ངུའི་ཕྱིར་དུ་ཕྱི་ཕྱོགས་ཀྱི་འགོ་དམག་ལ་སྐྱབས་བཅོལ་བ་ཧ་ཅང་ཉུང་ཉུང་ཡིན་འདུག་པ་མ་ཟད། དཔོན་ཁག་མང་པོ་ཞིག་གིས་རང་གི་མངའ་ཁོངས་སུ་ཡོང་བའི་རྒྱ་དང་ཁ་ཆེའི་རིགས་དག་ཀྱང་རང་གི་ཁྲལ་དང་ཁྲིམས་ཀྱི་འོག་ཏུ་བསྡུས་ཡོད་འདུག 
བོད་གཞུང་དགའ་ལྡན་ཕོ་བྲང་བའི་སྐབས་སུའང་རྔ་བ་དང་ས་བབ་རིགས་རུས། ཆོས་སྲིད་ཀྱི་འབྲེལ་ལམ་ཟབ་པའི་བོད་མདོ་སྨད་རྒྱལ་རོང་དང་མན་ཇུའི་གོང་མའི་དབར་ལོ་རྒྱུས་ཁྲོད་སྐད་གྲགས་ཆོད་པའི་དམག་འཐབ་བྱུང་བ་དང་། ཕྱི་ལོ་དུས་རབས་བཅོ་བརྒྱད་པའི་ནང་གི་གོར་བོད་དམག་འཁྲུག་ཆེན་པོ་བྱུང་བའི་སྐབས་སུ་རྒྱལ་རོང་སྟོད་དང་རྔ་བའི་སྨད་ཀྱི་ཡུལ་སྡེ་མང་པོ་དམག་རོགས་སུ་ཡོང་བ་ལོ་རྒྱུས་ཐོག་ཡོངས་གྲགས་ལགས་མོད།
རི་བོང་སྟེང་དུ་བྱ་གླག་ལྡིང་བའམ། ལུ་གུར་སྤྱང་ཀིས་ཇི་བཞིན་གོར་དམག་རྣམས། ཤེ་མོང་བཙན་པོས་ཕ་མཐར་སྤྲོད་པ་ལ། སོ་ལོང་སྦ་དུར་རྒྱལ་རོང་དཔུང་ཚོགས་དཔའ། ཞེས་པའི་བསྟོད་པ་ཆེན་པོ་བྱས་པ་ལྟར་ཕན་ཐོགས་ངེས་ཅན་བྱུང་འདུག་ནའང། དམག་འཁྲུག་དེའི་ཆེད་དུ་རང་གི་ཡུལ་སྡེ་མང་པོ་རྩ་སྟོང་དུ་སོང་བའི་ལོ་རྒྱུས་རྣམས་ད་དུང་རྔ་བའི་སྨད་ཀྱི་ཡུལ་མི་ཚོར་ངག་རྒྱུན་ཏུ་གནས་ཡོད་པ་འདི་དག་ནི་ཡུལ་མི་འདི་དག་སྔ་མོའི་དུས་སུ་སྟོད་ནས་སྨད་དང་སྨད་ནས་སྟོད་དུ་མཐའ་སྲུང་དམག་པ་ཞུགས་པའི་མེས་པོའི་ལོ་རྒྱུས་ཡིན།

དེ་བཞིན་དགའ་ལྡན་ཕོ་བྲང་བའི་སྐབས་སུ་རྔ་བའི་རྒྱུད་དུ་བོད་བཙན་པོའི་གདུང་རྒྱུད་དང་དམག་ཇུས་ཀྱི་རྒྱུད་འཛིན་པ་རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་ཀྱི་རྒྱལ་བློན་དག་དང་། རྔ་བ་རྨེའུ་རྒྱལ་པོ། ཨ་སྐྱོང་ཁང་རྒན་སོགས་ཀྱི་འགོ་ཁྲིད་བཀོད་འདོམས་འོག་གནས་འདུག་པའི་སྐབས་སུ་སྲིད་ཕྱོགས་ནས་རང་སྐྱོང་གི་རྣམ་པ་ཅན་དང་། ཆོས་ཕྱོགས་ནས་དགའ་ལྡན་པ་དང་གཙང་བླ་སོགས་བོད་དབུས་ཀྱི་གདན་ས་གསུམ་དང་འབྲེལ་ལམ་ཟབ་མོ་རྒྱུན་མ་ཆད་པར་གནས་པ་མ་ཟད། རྔ་བ་རྨེའུ་རྒྱལ་པོས་རང་གི་མངའ་ཁོངས་ཡོངས་རྫོགས་བོད་གཞུང་དགའ་ལྡན་ཕོ་བྲང་བར་ཆེན་པོར་ཕུལ་བའི་ལོ་རྒྱུས་བྱུང་འདུག 
འོན་ཀྱང་ཕྱི་ལོ་དུས་རབས་ཉི་ཤུ་བའི་སྟོད་དེ།  ༡༩༣༥ དང་། ༡༩༣༦ སོ་སོར་བོད་མདོ་ཁམས་ཀྱི་ས་ཁུལ་ཉུང་ཤས་ཤིག་ཏུ་དམར་དམག་རྒྱང་སྐྱོད་སྔ་ཕྱི་གཉིས་ཡོང་བའི་སྐབས་སུ་རྔ་བའི་ཡུལ་མི་དང་རྒྱ་དམག་གཉིས་གདོང་ཐུག་ཆེན་པོ་བྱུང་ཞིང་། སྐབས་དེར་དགོན་པ་དང་ས་གནས་ཀྱི་ཡུལ་མིའི་སྡོད་ཁང་ཧ་ཅང་མང་པོ་མེ་ལ་བསྲེགས་པས།  ལོ་རྒྱུས་ཐོག་འབྲུ་རིགས་ཧ་ཅང་མང་པའི་རྔ་ཁོག་ཏུ་འབྲུ་རིགས་བསྲེགས་པའི་དུ་བ་ཟླ་བ་མང་པོར་རྒྱུན་མ་ཆད་པར་རྔ་ཁོག་ནས་འཕྱུར་བ་སོགས་རིག་དངོས་དང་རྒྱུ་ནོར་མེར་བསྲེགས་ཀྱི་བཙན་གནོན་ཆེན་པོ་དེ་བྱུང་
དུས་རབས་ཉི་ཤུ་བའི་ལོ་རབས་ལྔ་བཅུ་བའི་ནང་དུ་རྒྱ་ནག་དམར་ཤོག་གི་དམག་སྡེ་རྣམས་ཀྱིས་གོ་མིན་ཏང་ལ་འགོག་རྒོལ་བྱེད་པ་དང་། ས་གནས་མང་ཚོགས་ཡར་རྒྱས་གཏོང་བ། མང་གཙོ་བཅོས་བསྒྱུར་བྱེད་པ་སོགས་ཀྱི་འབོད་ཚིག་དང་ཁ་གཡང་འོག་རྔ་བ་ས་ཁུལ་དུ་དམག་སྡེ་མང་པོ་གསོག་འཇོག་དང་། འཐབ་ར་མང་པོ་གསར་རྒྱག་བྱས་པས་རྔ་བ་འདི་ཡང་བསྐྱར་རྒྱ་བོད་ཀྱི་དམག་ས་ལྟ་བུ་ཞིག་ཏུ་བསྒྱུར།
ཕྱི་ལོ་༡༩༥༡ ནས་བོད་རྒྱའི་བར་གྲོས་མཐུན་དོན་ཚན་བཅུ་བདུན་བཞག་མོད། ཕྱི་ལོ་༡༩༥༥ ནས་བཟུང་རྔ་བ་ཕྱོགས་སུ་རྒྱ་བོད་འཐབ་འཁྲུག་གི་རྒྱུན་ཆད་མེད་པ་དང་། མཐར་ཡུལ་མི་དང་རྒྱ་དམག་འཐབ་འཁྲུག་ཁྲོད་ཕྱོགས་སོ་སོར་མི་གསོད་ཁྲག་སྦྱོར་ཚབས་ཆེན་བྱུང་བས། རྔ་བའི་ཡུལ་མི་དག་སྐབས་འཕྲལ་དམར་གསོད་དང་། ཡུལ་མི་སྡེབ་གསོད། བཙོན་འཇུག་མནར་གཅོད་བཅས་ཀྱི་འོག་ནས་ས་ཁུལ་གྱི་ཡུལ་མི་སྟོང་ཕྲག་མང་པོ་རྐྱེན་ལམ་དུ་སོང་བའི་ལོ་རྒྱུས་རྣམས་ད་དུང་ཡང་ཡུལ་མི་རྒན་རབས་པ་རྣམས་ཀྱི་སེམས་ངོར་གསལ་ལྷང་ངེར་ཡོད།
ཕྱི་ལོ་ ༡༩༥༨ ལོ་དང་དེའི་རྗེས་ཀྱི་ལོ་ཟླ་མང་པོའི་ནང་རྒྱ་ནག་རྒྱལ་ཁབ་དང་བོད་ཀྱི་ས་ཆ་མང་ཆེ་བའི་གནས་སྟངས་སྤྱི་མཚུངས་ལྟར། རྔ་བ་ཕྱོགས་སུའང་ལོ་རྒྱུས་ནང་མ་གྲགས་པའི་མུ་གེ་ཆེན་པོ་བསྟུད་མར་བྱུང་བས་མི་རྣམས་དུས་མིན་འཆི་རྐྱེན་དུ་སོང་བ་ནི།  དེ་སྔ་ཡོ་རོབ་ཏུ་འཆི་བ་ནག་པོ་ཞེས་པའི་ནད་ཡམས་ཆེན་པོ་བྱུང་བ་ལྟར། རྒྱ་ནག་གི་དབང་བསྒྱུར་འོག་གི་བོད་ཡུལ་དུ་འཆི་བ་ནག་པོ་བྱུང་བའི་སྲིད་དོན་གྱི་ནད་ཡམས་ཆེན་པོ་ཞིག་ཡིན་ལ། ནད་ཡམས་དེ་འབྱུང་ཡུལ་ནི་ང་ཚོའི་ཕ་མ་ཡིན་པའི་དེ་རིང་གི་ཡུལ་མི་འདི་དག་ཡིན།

དུས་རབས་ཉི་ཤུ་བའི་ལོ་རབས་དྲུག་ཅུ་བའི་དཀྱིལ་ནས་རྒྱ་ནག་རྒྱལ་ཁབ་ཧྲིལ་པོ་རིག་གནས་གསར་བརྗེའི་ལས་འགུལ་གྱི་ཟིང་ཆའི་ནང་དུ་ཐིམ་ཞིང་། ལྷག་དོན་སྐབས་དེའི་རྒྱ་ནག་ནང་ཁུལ་དུ་འགལ་བ་སྣ་མང་བྱུང་བས། སི་ཁྲོན་ཞིང་ཆེན་གྱི་ལྟེ་གནས་ཁྲུའུ་ཏུའུ་རུ་མི་མང་ཁྲི་ཕྲག་རྨས་སྐྱོན་ཐེབས་པའི་གནམ་ཐང་གི་མེ་སྒྱོགས་དོན་རྐྱེན་སྣ་མང་བྱུང་འདུག་པའི་སྐབས་སུ་རྔ་བ་ནས་རང་ཡུལ་དཀའ་སྡུག་ལས་སྐྱོབ་པའི་སྲིད་དོན་གྱི་འོས་ལངས་ཆེན་པོ་ཞིག་བྱུང་ཡོད།
འོས་ལངས་ལས་འགུལ་དེའི་མིང་ལ་ཉེ་རབས་བོད་ཀྱི་ལོ་རྒྱུས་ཁྲོད་ཧོང་ཁྲན་ཞེས་འབོད་ཅིང། ཕྱི་ལོ ༡༩༦༨་ཟླ ༣ ཚེས  ༡༧ ཉིན་རྔ་བ་རྫོང་ཐོག་ཏུ་ཡུལ་མི་ཁྲི་ལྷག་གིས་རྔམ་སྟོན་ཁྲོམ་སྐོར་བྱས་པ་ནས་འགོ་བཙུགས་ཏེ་ཉེ་འབྲེལ་གྱི་རྫོང་ཁག་བདུན་བརྒྱད་ཅིག་ཏུ་ཤུགས་རྐྱེན་ཐེབས་ཤིང་། དེའི་རྗེས་འབྲེལ་དུ་རྔ་བ་རྫོང་གཅིག་པུ་ནས་མི་ཉིས་སྟོང་ཙམ་བཅོན་འཇུག་བྱས་ཤིང་ཕྱི་ལོ་༡༩༧༨ བར་དུས་ཡུན་ལོ་ངོ་བཅུའི་རིང་བཙོན་འཇུག་དང་དམར་གསོད་ཀྱི་རྒྱུན་ཆད་མི་འདུག
ཕྱི་ལོ་ ༡༩༨༧ ལོའི་ཟླ ༩ བོད་ཀྱི་རྒྱལ་ས་ལྷ་ས་ནས་ངོ་རྒོལ་ལས་འགུལ་བྱུང་རྗེས་ཕྱི་ལོ ༡༩༨༨ ལོའི་ཟླ་ ༣ ནང་རྔ་ཁོག་ཏུ་བོད་དོན་འཐབ་རྩོད་དང་དྲིལ་བསྒྲགས་ཀྱི་ཡིག་ཆ་མང་པོ་བཀྲམས་འདུག་ཅིང་། དེ་ནས་བཟུང་ཕྱི་ལོ ༡༩༩༢ བར་དུས་ཡུན་ལོ་ངོ་བཞིའི་རིང་རྔ་ཁོག་ཏུ་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་ཐེངས་བཞི་བཅུ་ཞེ་གཉིས་དང་། སྦྱར་ཡིག་དང་བཀྲམས་ཡིག་སྟོང་ཕྲག་ཁ་ཤས་བྱུང་ཡོད་འདུག་ལ། དེ་འབྲེལ་གྱི་བོད་མི་ཆེས་མང་པོ་ཞིག་འཛིན་བཟུང་བཙོན་འཇུག་བྱས་འདུག 
ཕྱི་ལོ་ ༡༩༩༨ ལོ་ནས་རྔ་བ་ཁུལ་དུ་རྒྱལ་གཅེས་ཆོས་གཅེས་ཀྱི་ལས་འགུལ་ཟེར་བ་སྤེལ་མགོ་ཚུགས་འདུག  བོད་ཀྱི་ལོ་རྒྱུས་དང་དངོས་ཡོད་ལ་འཁྱོག་བརྗོད་དང་། ལྷག་པར་ཆོས་ལུགས་པ་ཞིག་གིས་རང་གི་དད་འདུན་འདོར་དགོས་པའི་ནང་དོན་ལ་ངོས་ལེན་བྱེད་ཐབས་མ་བྱུང་བའི་དགེ་འདུན་པ་རྣམས་རྒྱ་གཞུང་གིས་ཁ་བྲལ་བ་ཞིག་ཏུ་ངོས་འཛིན་བྱས་པ་དང་། སྐབས་དེར་རྔ་ཡུལ་ཀིརྟི་དགོན་པ་གཏན་དུ་སྒོ་རྒྱག་ངེས་ཡིན་པའི་འཇིགས་སྐུལ་ཐེངས་མང་པོ་བྱས་འདུག   
ལྷག་དོན་དགོན་སྡེ་འདིར་རྒྱལ་གཅེས་ཆོས་གཅེས་ཀྱི་ལས་འགུལ་གྲུབ་འབྲས་ལྡན་པ་མ་བྱུང་པར་ངོས་འཛིན་གྱིས་སློབ་གསོ་དང་སྡིགས་ར་བསྐུལ་བའི་ཐོག དགོན་སྡེའི་འདིའི་འཛིན་སྐྱོང་དང་ཆོས་ཀྱི་བྱེད་སྒོ་མང་པོ་ཞིག་ལ་འགོག་རྐྱེན་ཚོད་འཛིན་ཚད་བརྒལ་བྱེད་པ་དང་། དགེ་འདུན་པ་མང་པོ་ཞིག་མངོན་ལྐོག་ཅི་རིགས་ནས་འཛིན་བཟུང་བཙོན་འཇུག་བྱས་རྒྱུན་མ་ཆད་པར་བྱས་ཡོད།
ཕྱི་ལོ་ ༢༠༠༣ ནས་རྔ་བ་རྫོང་དུ་ཡོད་པའི་ཀིརྟིའི་དགོན་ནང་བསྟན་སློབ་གླིང་བཙན་དབང་གིས་སྒོ་བརྒྱབས། སློབ་གླིང་དེར་དགེ་འདུན་པ་ལོ་གཞོན་བདུན་བརྒྱ་ལྷག་ཡོད་པའི་བོད་ཁུལ་གྱི་ནང་བསྟན་སློབ་གླིང་ཆེ་ཤོས་ཤིག་ཡིན། སློབ་གླིང་དེ་སྒོ་བརྒྱབ་པ་མ་ཟད་ལོ་ན་བཅོ་བརྒྱད་མ་ཟིན་པ་རྣམས་དགོན་པར་ཞུགས་མི་ཆོག་པར་བྱས་པ་སོགས་ཡུལ་མིའི་ཤེས་ཡོན་གོ་སྐབས་དང་། ཆོས་བྱེད་ཐོབ་ཐང་བཙན་འཕྲོག་གི་བྱ་ཐབས་དང། བཙན་གནོན་གྱི་སྲིད་བྱུས་སྣ་མང་ལག་བསྟར་བྱས་ཡོད།
ཕྱི་ལོ་ ༢༠༠༦་ལོར་བོད་ཁམས་ཡོངས་སུ་གཅན་གཟན་གྱི་པགས་རིགས་མེར་བསྲེགས་བྱས། སྐབས་དེར་རྔ་བའི་ཕྱོགས་སུ་རྒྱ་སྒོར་ས་ཡ་མང་པོའི་མ་གནས་ཡོད་པའི་པགས་རིགས་མེར་བསྲེགས་བྱས་པ་རེད། འོན་ཀྱང་རྔ་བའི་ཕྱོགས་ནས་རི་སྐྱེས་སྲོག་ཆགས་སྲུང་སྐྱོབས་ཀྱི་ལས་གཞིར་སྐུལ་སློང་བྱེད་མཁན་གྱི་བོད་མི་དྭངས་ཞབས་པ་མང་པོ་ཞིག་ལའང་བཙོན་འཇུག་དང་། འདྲི་རྩད། བཀག་འགོག  ཉེས་ཆད་གཅོད་པ་སོགས་ས་ཁུལ་གཞན་ལ་མ་བྱུང་བའི་དཀའ་ངལ་དང་དམ་དྲག་མང་པོ་ཞིག་རྔ་བའི་ཡུལ་མིའི་ཐོག་ཏུ་བྱུང་ཡོད།  
ཕྱི་ལོ ༢༠༠༨ ཕྱི་ཟླ་ ༣ ཚེས་ ༡༦ ནས་འགོ་བཙུགས་ཏེ་རྔ་བའི་ཕྱོགས་ཀྱི་དགོན་སྡེ་དང། སློབ་གྲྭ། མང་ཚོགས་བཅས་མི་མང་སྟོང་ཕྲག་དུ་མས་ཞི་བའི་ངོ་རྒོ་བྱས་པར།  སྐབས་དེར་དགེ་འདུན་པ་དང་། སློབ་མ། ཡུལ་མི་བཅས་ཧ་ཅང་མང་པོ་ཞིག་དམར་གསོད་བྱས་པ་དང་། མི་མང་བརྒྱ་ཕྲག་མང་པོ་འཛིན་བཟུང་བཙོན་འཇུག་བྱས།

ལྷག་དོན་མང་ཚོགས་ཀྱི་ཞི་བའི་ངོ་རྒོལ་བྱེད་པའི་ཉིན་དེ་རང་ལ་ཡུལ་མི་ཉེར་གསུམ་ཙམ་དམར་གསོད་བྱས་པ་སོགས་ས་ཁུལ་གཞན་ལས་གདུག་རྩུབ་ཆེ་བའི་དྲག་གནོན་ཆེན་པོ་བྱུང་ཡོད་ལ། སྐབས་དེར་དོན་རྐྱེན་ལའབྲེལ་བ་ཡོད་མེད་ཀྱི་ཡུལ་མི་མང་པོ་ཞིག་འཛིན་བཟུང་བྱས་པའི་བཙོན་པ་མང་པོ་ཞིག་ལ་མནར་གཅོད་སྡུག་སྦྱོང་གཏོང་སྟངས་དང་།  བཙོན་འཇུག་ཁྲིམས་ཐག་གི་ལོ་དུས་རིང་པོ་བྱེད་པ།  དངུལ་གྱི་ཉེས་ཆད་གཅོད་པ་སོགས་ཀྱི་ཐད་རྔ་བའི་ཡུལ་མི་ཚོའི་ཐོག་ཏུ་འཇིགས་སྐུལ་དང་དྲག་གནོན་འཕར་མ་ཞིག་བྱས་ཡོད།
ད་དུང་སྐབས་དེ་ནས་བཟུང་རྔ་བ་རུ་དམག་སྒར་དང་དམག་མི་འཕར་སྣོན་ཤུགས་ཆེན་བྱས་པ་དང་། རྔ་བ་རུ་ས་གནམ་གཉིས་ནས་དམག་སྦྱོང་དང་སྡིགས་ར་བསྐུལ་བ། རྔ་བ་མི་མང་ལ་གུས་འདུད་ཞུ་ཞེས་པའི་ཡིག་ཆེན་བཀལ་བའི་རླངས་འཁོར་གྱི་སྟེང་ནས་མེ་མདའ་ཐོགས་པའི་དམག་མིའི་རུ་དཔུང་གིས་ཁྲོམ་གཞུང་ཡོངས་རྫོགས་བསྐོར་ཏེ་ཡུལ་མི་ཚོར་ཞེ་འཁོན་སློང་བའི་འཇིགས་སྐུལ་དང་སྡིག་ར་མང་པོ་བྱས་འདུག 
 ད་དུང་རྔ་བའི་ཕྱོགས་ཀྱི་དགེ་རྒན་དང་ཤེས་ཡོན་ཅན་མང་པོ་ཞིག་ཉེས་འཛུགས་སྣ་ཚོགས་ཁྲོད་བཙོན་འཇུག་བྱས་པ་དང་། ལས་གནས་ནས་ཕུད་པ། ལྷག་དོན་དགེ་རྒན་སོགས་ཤེས་ཡོན་ལས་རིགས་ཀྱི་མི་སྣ་མང་པོ་ཞིག་མི་འདོད་བཞིན་དུ་འཐབ་ཕྱོགས་གཅིག་གྱུར་དང་། ཆོས་ལུགས་དོ་དམ་ཚན་ཁག་སོགས་ཀྱི་ལས་གནས་སུ་བཙན་གྱིས་བསྐོ་བཞག་བྱས་པ་སོགས་ཡུལ་མི་སྤྱི་དང་བྱེ་བྲག་གི་འདོད་འདུན་ནི་དུས་ནམ་ཡང་བཙན་གནོན་བྱ་ཡུལ་གཙོ་བོར་བཟུང་ཡོད།
དེ་བཞིན་དུབོད་ནང་གི་དཀའ་སྡུག་རྩོམ་ཡིག་གི་ལམ་ནས་བརྗོད་མཁན་གྱི་ས་ཁུལ་གྱི་རྩོམ་པ་པོ་དུ་མ་ཞིག་བཙོན་འཇུག་ཁྲིམས་གཅོད་བྱས་པ་དང་། རྒྱ་གར་དུ་བྱིས་པ་ཡོད་པའི་ནང་མི་རྒྱ་གཞུང་གི་ལས་གནས་ནས་ཕྱིར་འབུད་གཏོང་བ། ཕྱི་ཡུལ་དུ་ཡོད་པའི་རྔ་བའི་ཡུལ་མི་ནང་ཏུ་ཡོང་བར་བཀག་འགོག་དང། ནང་ཁུལ་གྱི་མི་སྣ་ཕྱི་རུ་འགྲོ་བར་བཀག་འགོག་བྱེད་པ་སོགས་ཀྱི་ཐད་རྔ་བ་རུ་བོད་ཀྱི་ས་ཁུལ་གཞན་ལས་ཀྱང་བཀག་སྡོམ་ཆེན་པོ་བྱས་པས། རྔ་བ་ཡུལ་མི་ཚོར་རྒྱ་ནག་གི་སྤྱི་དམངས་ཐོབ་ཐང་ཡང་མེད་པར་བྱས་ཡོད།
རྒྱུན་རིང་ལ་གཏིང་ཟབ་པའི་དཀའ་སྡུག་དེ་དག་གི་འོག་ནས་རྔ་བ་རུ་མི་མང་པོ་ཞིག་རང་ཤི་རྒྱག་པའི་དོན་རྐྱེན་མང་པོ་བྱུང་། དཔེར་ན་ཕྱི་ལོ་༢༠༠༩  ཟླ ༣ ་ལ་རྔ་བ་ཀིརྟི་དགོན་པའི་ཀ་ཉག་བློ་བཟང་སྦྱིན་པ་དང་། རྔ་སྟོད་སྒོ་མང་དགོན་པའི་དགེ་འདུན་པ་དགུང་གྲངས་དོན་བཞི་ལ་སོན་པའི་བགྲེས་སོང་ཞིག་གཉིས་རང་ཤི་རྒྱག་དགོས་བྱུང་བ་དང་། ཐ་ན་རྔ་བ་ཀིརྟི་དགོན་པའི་སྤྱན་ལོང་བ་ཡིན་པའི་དགེ་འདུན་པ་ཞིག་ཀྱང་བསུན་གཙེར་འོག་ཕྱི་ཟླ་ ༤ ཚེས ༡༦ ཉིན་རང་ཤི་བརྒྱབ་ཡོད་ཅིང་། རང་ཤི་རྒྱག་མཁན་དག་གི་ཁ་ཆེམས་ཡི་གེའི་ནང་འདི་ལྟར་གསོན་གནས་བྱ་ཐབས་མི་འདུག་ཅེས་བྲིས་ཡོད།
ཕྱི་ལོ ༢༠༡༠ ལོར་རྔ་བ་ཀིརྟི་དགོན་པར་ཆོ་འཕྲུལ་སྨོན་ལམ་འཚོགས་རྒྱུར་ས་གནས་གཞུང་གིས་འགོག་རྐྱེན་བཟོ་བཞིན་པའི་སྐབས་དེར་དགོན་པ་དེའི་དགེ་འདུན་པ་སྐུ་ཞབས་བཀྲ་པེ་ཞུ་བས་རང་ལུས་མེ་ལ་བསྒྲོན་ནས་རང་དབང་རྩོད་ལེན་དང་བཙན་གནོན་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་སྐབས། དམག་མི་དང་ཉེན་རྟོག་པས་མེ་མདའ་བརྒྱབ་ནས་ས་ལ་བསྒྱེལ་འཕྲལ་བཙོན་འཇུག་བྱས་རྗེས། ད་ལྟ་ཤི་གསོན་གྱི་གནས་སྟངས་གསལ་པོ་མེད།
ད་ལོའི་ཕྱི་ཟླ་༣ ཚེས་ ༡༦ ཉིན་རྔ་བ་ཀིརྟི་དགོན་པའི་དགེ་འདུན་པ་ཕུན་ཚོགས་ཀྱིས་རང་ལུས་མེ་ལ་བསྒྲོན་ནས་བཙན་གནོན་འོག་གི་དཀའ་སྡུག་འགྲེལ་བརྗོད་དང་གསལ་སྟོན་བྱས་པར། དམག་མི་དང་ཉེན་རྟོག་པས་ལྕགས་དབྱུག་དང་རྡོ་ཡིས་གང་བྱུང་གཞུས་པས་ཁོང་འདས་གྲོངས་སུ་སོང་། སྐབས་དེ་ནས་བཟུང་ད་བར་རྔ་བ་སྤྱི་དང་། བྱེ་བྲག་ཀིརྟི་དགོན་པའི་དགེ་འདུན་པ་རྣམས་ནི་དགོན་པའི་ནང་དུ་བཙོན་འཇུག་བྱས་པ་ལྟར་གནས་ཡོད།
གནས་སྟངས་དེ་འདྲའི་འོག་ཏུ་རྔ་བ་ཁུལ་གྱི་སློབ་ཕྲུག་མང་པོ་ཞིག་གིས་ཟས་བཅད་ངོ་རྒོལ་བྱས་ཁོང་ཚོ་སློབ་གྲྭ་རུ་དམ་དྲག་བྱས་པ་དང་། རྔ་བ་ཀིརྟི་དགོན་གྱི་དགེ་འདུན་པ་རྣམས་དགོན་པར་བཟང་བཙོན་ལྟར་བཞག་པ། ད་དུང་ཁོང་ཚོར་ལྟོ་ཆས་ཉོ་ལེན་ཙམ་གྱི་འགྲོ་བསྐྱོད་ཀྱི་དབང་ཆ་ཙམ་ཡང་མ་བྱིན་པ་མ་ཟད། ཁོང་ཚོ་བཙོན་ཁང་དུ་སྡེབས་འཁྱེར་བྱེད་པའི་བྱ་ཐབས་ལ་འགོག་རྒོལ་ཞུ་བ་འཐེན་པའི་ཡུལ་མི་དག་མི་ཆོས་ལས་འདས་པའི་ཚོད་འཛིན་བྱེད་པ་དང་། ཐ་ནང་ཁོ་ཚོ་འཆི་ངེས་ཡིན་པའི་མཛུབ་ཐེལ་ཡང་བླངས་སྟབས། དུས་ཐོག་དེ་རིང་ལ་ཡུལ་མི་སུམ་བརྒྱ་ཙམ་གྱིས་འཆི་ངེས་ཡིན་པའི་མཛུབ་ཐེལ་བརྒྱབ་ཡོད་འདུག
ད་དུང་རྔ་བ་ནས་ཡུལ་མི་དང་དགེ་འདུན་པ་བརྒྱ་སྐོར་གར་སོང་ཆ་མེད་ཀྱིས་བོར་བརླག་ཏུ་འགྲོ་བཞིན་པ་དང་། ཐ་ན་ཟླ་བ་དྲུག་ལས་མ་སོན་པའི་བྱིས་པའི་ཨ་མ་ཡང་བཙོན་འཇུག་བྱས་ཏེ་མ་བུ་ཁ་བྲལ་བཏང་བ་སོགས། འདི་ལྟར་མི་ཧ་ཅང་མང་པོ་ཞིག་ཐབས་ཟད་འུ་ཐུག་གི་གནས་སུ་བསྐྱལ་བ་དང། མི་ཧ་ཅང་མང་པོ་ཞིག་འཆི་ལམ་འདེམས་པའི་ལམ་ཁ་རུ་མ་སོང་ཐབས་མེད་ཀྱི་གནས་སྟངས་ཤིག་བསྐྲུན་པ་རེད།
འདི་དང་འདི་ལྟ་བུའི་གནས་སྟངས་མང་པོ་ཞིག་གི་ཐོག་ནས་རྔ་བ་རུ་དེང་སྐབས་མངོན་པར་མི་གསལ་བའི་དྲག་པོའི་ཁྲིམས་གཞི་བསྡམས་པ་ལྟ་བུ་ཞིག་རེད། ཡུལ་འདིར་བརྡ་འཕྲིན་བརྒྱུད་ལམ་བཀག་འགོག་དང་། འགྲོ་བསྐྱོད་གཞུང་ལམ་བཀག་འགོག  མི་མང་མཉམ་འདུས་བཀག་འགོག་དང་། རྒྱུན་ལྡན་ཆོས་བྱེད་བཀག་འགོག་སོགས་བཀག་རྒྱ་སྣ་ཚོགས་ཀྱི་འོག་ཏུ་ཡོད་པས། རྔ་བའི་དགོན་པ་དང་། རྔ་བའི་སློབ་གྲྭ་རྣམས་བཙོན་ཁང་ལྟར་གྱུར་བ་དང། ཐ་ན་རྒྱ་ནག་པེ་ཅིང་། ལན་གྲུ། ཁྲིའུ་ཏུའུ་སོགས་སུ་ཡོད་པའི་རྔ་བའི་མི་སྣ་ཡང་འཛིན་བཟུང་དང་བཀག་སྡོམ་བྱེད་བཞིན་འདུག 
 མིའི་འཚོ་བའི་གཞི་རིམ་གྱི་གནས་སྟངས་ཤིག་ནི་གསོན་གནས་ཀྱི་རེ་འདུན་ཡིན་མོད། གསོན་གནས་ཀྱི་སྙིང་པོ་ནི་བདེ་སྐྱིད་ཡིན་པས་མི་རྣམས་ཀྱིས་འདི་ལྟར་འཆི་བ་གདམ་ཀ་བྱེད་པ་ནི་ཆེས་མཐའ་མཇུག་གི་གདམ་ཀ་ཡིན་ལ། གདམ་ཀ་འདི་འབྱུང་ཡུལ་ནི་བཅིངས་གྲོལ་དང་ཡར་རྒྱས་བཏང་ཞིང་། འཆམ་མཐུན་དང་འཚོ་བ་གསར་པའི་བདེ་སྐྱིད་ཁྱེར་ཡོང་ཚུལ་འཛམ་གླིང་དང་བོད་ཁུལ་དུ་སྒྲོག་བཞིན་པའི་ཀྲུང་གོ་གསར་པའི་དབང་བསྒྱུར་འོག་གི་ངའི་ཕ་ཡུལ་ཡིན། 
སྤྱི་ཚོགས་རིང་ལུགས་ཀྱི་རྒྱ་ནག་གི་འགོ་ཁྲིད་དག་གིས་ངེས་པར་ཤེས་དགོས་པ་ཞིག་ནི། རིགས་རུས་ཀྱི་ཞེན་པ་ནི་རང་བྱུང་འགོག་མེད་ཀྱི་བསམ་བློ་ཞིག་སྟེ་མཐར་གཏུགས་ན་མི་རྣམས་རང་ཉིད་དང་རང་ཉིད་ཀྱི་མེས་པོ་དགའ་ཞེན་བྱེད་པ་དེ་ཡིན་སྟབས། ཇི་ཙམ་མནན་ན་དེ་ཙམ་གྱིས་ཤུགས་ཇེ་ཆེར་འགྲོ་བའི་གནས་སྟངས་ཤིག་ཡིན་ནི་འཚོ་བའི་ནང་རྩོད་སྒྲུབ་ཅིག་རེད་ལ། འགྲོ་བ་མིའི་ལོ་རྒྱུས་ཀྱི་བདེན་དཔང་བྱས་པའི་འགྲོ་བ་མིའི་སེམས་ཁམས་ཀྱི་ཁྱད་ཆོས་ཤིག་ཀྱང་རེད།
 དེ་བས་ས་ཁུལ་གྱི་ལོ་རྒྱུས་འགོ་བཙུགས་པ་ནས་རིགས་ཀྱི་འདུ་ཤེས་གསལ་པོ་ཡོད་པའི་རྔ་བ་ས་ཁུལ་དུ་མི་རིགས་ཀྱི་ལྟ་བ་གཏིང་ཟབ་དང་། དེ་དང་འབྲེལ་བའི་ཚོར་སྐྱེན་ཧ་ཅང་རྣོ་བ་ནི་འདས་པའི་ལོ་ངོ་སྟོང་ཕྲག་ལྷག་གི་བྱུང་རབས་ལོ་རྒྱུས་དང་། ད་ལྟའི་གནས་བབ་ཡོངས་དང་འབྲེལ་བའི་རྒྱུན་རིང་གཏིང་ཟབ་ཀྱི་གནད་དོན་ཞིག་ཡིན་ལ། གནད་དོན་འདི་ནི་བོད་ཀྱི་དཀའ་ངལ་དེ་རྔ་བ་ས་ཁུལ་གྱི་དཀའ་ངལ་ཞིག་ཏུ་གྱུར་བ་དང་། རྔ་བ་ས་ཁུལ་གྱི་དཀའ་ངལ་དེ་བོད་ཀྱི་དཀའ་ངལ་ཞིག་ཏུ་འགྱུར་བའི་གཞི་རྩའི་གནད་དོན་ཀྱང་ཡིན།
མིིག་སྔར་རྔ་བར་དོན་རྐྱེན་མང་པོ་བྱུང་བས། ཕྱི་ཡུལ་གྱི་བོད་མི་ཚོས་འཛམ་གླིང་རིམ་པའི་ངོ་རྒོལ་བྱས་པ་དང་། ལྷག་པར་༸གོང་ས་ཏཱ་ལའི་བླ་མ་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་སོགས་ཀྱིས་རྒྱལ་སྤྱིའི་ཐོག་འབོད་བསྐུལ་བྱས་པ། དེ་བཞིན་དུ་གླིང་ཆེན་ཨ་ཧྤི་རི་ཀ་དང་། ཨ་མེ་རི་ཁ་སོགས་ཀྱི་གཞུང་དང་སྲིད་དོན་ཚོགས་པ་དག་གིས་རྔ་བ་ས་ཁུལ་དུ་དྲག་གནོན་བྱེད་བཞིན་པར་སྐྱོན་བརྗོད་བྱེད་བཞིན་པ་འདི་དག་སྲིད་དོན་འབོད་ཚིག་ཙམ་མིན། དེ་ལས་ལྡོག་ཏེ་མིའི་རིགས་ཀྱི་རང་དབང་དང་། ཞི་བདེ། དམངས་གཙོ་སོགས་ཀྱི་སེམས་ཚོར་དང་འདུན་པའི་རྩ་བ་གཅིག་ཏུ་སྦྲེལ་ཡོད་པའི་རྟགས་མཚན་གསལ་པོ་ཞིག་ཡིན།
འདིར་ངས་མཐའ་མཇུག་ཏུ་བརྗོད་འདོད་པ་ནི། རྔ་བ་ན་སྡོད་བཟོད་བྲལ་བའི་མི་མང་པོ་ཞིག་ཡོད་པ་མ་ཡིན་པར། མི་མང་པོ་ཞིག་སྡོད་བཟོད་བྲལ་བའི་གནས་སྟངས་མང་པོ་ཞིག་འདི་ལྟར་འབྱུང་བཞིན་ཡོད་པ་དང་།  རྔ་བའི་ཡུལ་མི་རྣམས་ཀྱིས་དོན་རྐྱེན་བཟོ་བཞིན་པ་ཞིག་མ་ཡིན་པར་ལོ་རྒྱུས་ཀྱི་དོན་རྐྱེན་མང་པོས་རྔ་བའི་དགེ་འདུན་པ་དང་ཡུལ་མི་རྣམས་འདི་ལྟར་བཟོ་བཞིན་པ་རེད་ལ། མདོར་བསྡུས་ན་རྔ་བ་ནས་འདི་ལྟར་རང་ཤི་རྒྱག་བཞིན་པ་གསོན་ལམ་མ་ཡོད་པས་ཡིན།  
འོན་ཀྱང་བློ་ཕམ་པ་ཞིག་ལ་རྒྱ་ནག་གི་ས་གནས་དཔོན་རིགས་ཚོས་གནས་ལུགས་འདིར་མགོ་མཇུག་བསློག་ཏེ་འགྲེལ་བཤད་རྒྱག་བཞིན་འདུག་ལ། མགོ་མཇུག་བསློག་པའི་འགྲེལ་བཤད་ཀྱིས་ཡུལ་མི་དཀྱུས་མ་དག་ནག་ཉེས་ཅན་དུ་བསྒྲུབ་བཞིན་འདུག  དེ་བཞིན་དུ་རྔ་བའི་གནས་སྟངས་ལ་རྒྱུས་མངའ་ཡོད་མེད་ཀྱི་འགྲེལ་བརྗོད་པ་དག་གིས་ཀྱང་གནས་སྟངས་འདི་དག་ལ་ཞིབ་ཚགས་པའི་འགྲེལ་བཤད་དང་། གོ་རིམ་མ་འཁྲུག་པའི་འགྲེལ་བརྗོད་བྱེད་དགོས་པ་ཧ་ཅང་གལ་གནད་ཆེ།
དེ་རིང་གནད་དོན་ཐག་གཅོད་བྱེད་པའི་བྱ་ཐབས་སུ་རློམ་པའི་རྒྱལ་གཅེས་སློབ་གསོ་དང། དྲག་པོའི་འཇིགས་སྐུལ་སོགས་ཀྱི་བྱ་ཐབས་འདི་དག་ནི་འགལ་བ་དང་དོན་རྐྱེན་རྙིང་བ་བསྐྱར་སློང་དང་། འགལ་བ་དང་དོན་རྐྱེན་གསར་པ་འབྱུང་བའི་རྒྱུ་རྐྱེན་དུ་གྱུར་ཡོད་པ་ལས། ཞི་བདེ་བརྟན་ལྷིང་དང་། འཆམ་མཐུན་སྤྱི་ཚོགས་ཀྱི་རྨང་གཞི་གཏན་ནས་མིན་ལ། རིགས་ཀྱི་ཞེན་པ་དང་། རིག་གཞུང་གི་འདུ་ཤེས་གཉིས་ཀ་འདོར་དགོས་པ་ནི་བོད་མི་ཚོ་གསོན་གནས་བྱེད་པའི་སྙིང་པོ་འདོར་དགོས་པ་ལ་ཐུག་ཡོད་སྟབས། ད་ལྟའི་དྲག་གནོན་དང་ཚ་གཅུན་རང་བཞིན་གྱི་སྲིད་བྱུས་དང་བྱ་ཐབས་འདི་དག་ནི་དོན་ངོ་མར་རྔ་བའི་ཡུལ་མི་ཚོའི་སྙིང་ལེན་གྱིན་པ་དང་གཅིག་མཚུངས་ཡིན།

No comments:

Post a Comment